འཚོལ་རྟོག་དང་སྨོན་འདུན་གྱིས་གནམ་ལོ་གསར་བའི་སྐྱ་རེངས་ཚུར་བསུའི་ཞིང། གདུང་སེམས་མཉམ་སྐྱེད་དང་སྤོབས་པ་ཆེར་བསྐྱོད་ཀྱིས་བགྲང་བྱ་དུ་མ་རྒྱབ་ཏུ་བསྐྱུར་བའི་དེ་རིང་། འདས་ཟིན་པའི་ལོ་ཟླའི་ཀྱོག་མཚམས་རེ་ནས་རྣམ་ཤེས་དང་ཚེ་སྲོག་ཡོད་ཚད། ཁ་བའི་བདེན་དོན་དུ་སྦར་བའི་སྤུན་ཟླ་རྣམས་ཀྱི་བཞུད་ལམ་ལ་་ཡིད་ཀྱི་གདུང་ཤུགས་དྲག་པོའི་སྤོབས་སེམས་དང་ང་རྒྱལ་གྱིས་ཁང་བའི་རང་སེམས་འདིས་རྗེས་དྲན་དང་གྱེས་ཕྱག་ཐེངས་ཤིག་ཞུས་ནས། དེ་དང་ལྷན་དུ་ཁྱེད་ཀྱི་རྣམ་དཔྱོད་དང་དཔལ་ཡོན་གྱི་མཛེས་སྡུག་རེ་རེ་གངས་ལྗོངས་གཙུག་ལག་གསར་བའི་སྐྱེད་ཚལ་ནས་རྟག་ཏུ་བཞད་ཅིང་། བསམ་དོན་སྨོན་པའི་གནས་ཀུན་ཡིད་བཞིན་འགྲུབ་པའི་རྟེན་འབྲེལ་དང་། ད་དུང་ཁྱེད་དང་ང་ཡི་མཆོང་བསྐྱོད་དང་ཕུགས་་་བསམ་གྱི་མཛེས་པ་ཡོད་ཚད། གངས་ཅན་བོད་པ་ཚང་གི་དཔའ་ངར་གྱི་གྲོགས་སུ་་སྦྲན་ནས། ཡུན་ནས་ཡུན་དུ་མི་རིགས་འདི་དང་རྒྱལ་ཁབ་འདིའི་བླ་སྲོག་རྡོ་རྗེའི་བྲག་ལྟར་བརྟན་པའི་སྨོན་པ་བརྒྱ་ཁྲག་གི་གདངས་དང་བཅས། བོད་རྒྱལ་ལོ༢༡༣༧དང་ཕྱི་ལོ༢༠༡༠བོད་ཟླ༡ཚེས་༡ཉིན་རྫ་སྐྱེས་ཕུར་བས་འཕགས་ཡུལ་ལྷོ་ཕྱོགས་སེ་ར་དགོན་ནས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག།།

Monday, February 15, 2010

ཁྱོད་ཀྱི་མདུན་དུ་ཐོན་ཡོད།

མེ་སྟག་མཆེད་པའི་ཁྲག་རྩའི་སྦུབས་སུ།།
མི་རིགས་ཤིག་གི་རྣམ་ཤེས་བཅུག་ཡོད།།
རྒྱུ་འབྲས་འཛོམ་པའི་རྒྱལ་ཁབ་ཅིག་གི །
མངའ་ཐང་སྲུང་བའི་དམ་བཅའ་བཞག་ཡོད།།

ལོ་དང་ཟླ་བའི་ཀྱོག་མཚམས་རེ་ན།།
མེ་དཔུང་ལྟ་བའི་སྙན་ངག་བྲིས་ཡོད།།
ལྷིང་འཇགས་འཁྱིལ་བའི་རི་གྲོང་དག་ནས།།
ངུ་སྐད་བྲག་དམར་ཐེམ་ལ་བསྐྱལ་ཡོད།།

ཕྲ་ལ་སྦོམས་པའི་སྲོག་གི་སྐུད་པ།།
འཇིག་ཉེན་ཚོར་བའི་གྲོགས་སུ་འཐེན་ཡོད།།
གཞན་བསྒྱུར་སྲིད་ཀྱི་འགག་མདོ་རེ་ན།།
མི་གཤིས་སྲུང་བའི་དར་ཆེན་བཙུགས་ཡོད།།

གཞས་ཆུང་ཕྲ་མོའི་དབྱངས་རྟ་རེ་ན།།
འཚོ་བའི་ལམ་གྱི་བདེན་པ་བཅོལ་ཡོད།།
ཐུན་མིན་རིས་ཀྱི་འགྲོ་བ་ཞིག་གི །
བདེ་སྡུག་ང་ཡི་མགྲིན་པར་བཏགས་ཡོད།།

ལུས་སེམས་ཡོད་ཚད་རྨ་ཁས་གཡོག་པས།།
གདུང་བའི་ངལ་བ་སངས་ཐབས་དཀའ་ཡང།།
དབྱངས་གསལ་སོ་བཞིའི་མཛེས་སྡུག་རུམ་ནས།།
དེ་རིང་ཁྱོད་ཀྱི་མདུན་ན་ཐོན་ཡོད།།

No comments:

Post a Comment