ད་ལོ་བོད་ཀྱི་མཛངས་མའི་དབུ་རྒྱན་རྩོད་མཁན་བཞི་འདུག
འདོན་སྤེལ། ༢༠༠༩/༠༥/༢༩
རྒན་པ་ཚོའི་སྐྱོན་བརྗོད་དང།གཞོན་པ་ཚོའི་བསྟོད་བསྔགས་ཁྲོད་ནས་༢༠༠ལོའི་བོད་ཀྱི་མཛངས་མ་འགྲན་བསྡུར་དེ་དངོས་སུ་མགོ་བཙུགས་ཏེ།ཕྱི་ཚེས་ཀྱི་ཞོགས་པར་བོད་རིགས་གཞོན་ནུ་མ་བཞི་བཞུགས་སྒར་དུ་འཛོམས་ཡོད།ད་ལོ་ནི་བོད་ཀྱི་མཛངས་མ་འགྲན་བསྡུར་ཐེངས་བརྒྱད་པ་དེ་ཆགས་ཡོད་ལ། ན་གཞོན་བློ་བཟང་དབང་རྒྱལ་གྱི་དཀའ་སྤྱད་འབད་འབུངས་ཁྲོད། ལོ་རེ་བཞིན་རྣམ་པ་ཇེ་རྒྱས་དང༌། སྤུས་ཀ་ཇེ་ལེགས་ཀྱི་སྣང་ཚུལ་འདུག་མོད།ལོ་རེ་རེའི་མཛངས་མ་རང་ངོས་ནའང་བཟང་ངན་ལེགས་ཉེས་ཀྱི་གནས་སྟངས་ཅི་རིགས་ཤིག་ཡོང་གིན་ཡོད།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ དང་ཕྱེད་ཀའི་སྟེང༌། བཞུགས་སྒར་ངྷ་རམ་ས་ལར་ ༢༠༠༩ ལོའི་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་སྔོན་འགྲོའི་གསར་འགོད་གསལ་བསྒྲགས་དེ་བསྐྱངས་ཡོད་པ་དང། ད་ལོའི་བོད་ཀྱི་མཛངས་མ་འགྲན་བསྡུར་ཁྲོད་བུ་མོ་ ༤ མཉམ་ཞུགས་གནང་ཡོད་པ་དང། དེ་དག་རྡེར་རྡུན་ནས་ཡིན་ཞིང་རང་ལོ་ ༢༤ ཡིན་པའི་སྒྲོལ་དཀར་དང༌། རྡོ་རྗེ་གླིང་ནས་ཡིན་ཞིང་རང་ལོ་ ༡༨ ཡིན་པའི་ངག་དབང་ཆོས་དབྱངས། ངྷ་རམ་ས་ལ་ནས་ཡིན་ཞིང་རང་ལོ་ ༢༠ ཡིན་པའི་བསྟན་འཛིན་ཆོས་འཛོམས། སྦིར་གཞིས་ཆགས་ནས་ཡིན་ཞིང་རང་ལོ་ ༢༤ ཡིན་པའི་ཡེ་ཤེས་ལྷ་མོ་བཅས་ཡིན།
སྐབས་དེར་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་སྤྱི་ཁྱབ་བཀོད་འདོམ་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་ ༢༠༠༩ ལོའི་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་ལས་རིམ་ངོ་སྤྲོད་གནང་དོན། ད་ལོའི་བོད་ཀྱི་མཛངས་མ་འགྲན་བསྡུར་འདི་ཐེངས་བརྒྱད་པ་དེ་ཆགས་ཡོད། སྔོན་མ་ལོ་ལྟར་སྤྱི་ཟླ་ ༡༠ བའི་ནང་ཚུགས་ཀྱི་ཡོད་ཀྱང༌། སྐབས་དེར་གནམ་གཤིས་གྲང་བ་དང། བོད་པའི་གཞིས་ཆགས་ཁག་སུལ་ཚོང་གི་སྐབས་ཡིན་པ། ཕྱི་རྒྱལ་ཁག་ཏུ་སློབ་གྲྭ་མགོ་འཛུགས་བྱས་ཡོད་པ་བཅས་ལ་འཁེལ་ཡོད་སྟབས། ད་ལོ་དུས་ཚོད་སྔ་ནུར་བྱས་པ་ཡིན། ཟེར།
ད་ལོའི་བོད་ཀྱི་མཛངས་མ་འགྲན་བསྡུར་ལ་སྙན་ཞུ་ ༧ འབྱོར་བ་ལས། གཅིག་ཨ་རི་དང་གཞན་དག་རྒྱ་གར་ནས་རེད། བུ་མོ་ ༣ ལ་སྒེར་གྱི་དཀའ་ངལ་ཞིག་གི་དབང་གིས་འགྲན་བསྡུར་ལ་ཞུགས་ཐུབ་མ་སོང། ཉིན་འགའི་སྔོན་ལ་བུ་མོ་གཉིས་ཀྱིས་གསར་དུ་མཛངས་མ་འགྲན་བསྡུར་ནང་ཞུགས་རྒྱུའི་རེ་འདུན་བཏོན་སོང་མོད། དེ་གཉིས་ང་ཚོས་ངོས་ལེན་བྱ་ཐུབ་ཡོད་པ་མ་རེད། གང་ཡིན་ཟེར་ན། གྲ་སྒྲིག་དང་སྦྱོང་བརྡར་མང་པོ་ཞིག་ཡོད་སྟབས། ཉུང་མཐར་ཟླ་གཅིག་གཉིས་གོང་ནས་སྙན་ཞུ་འབྱོར་དགོས་པ་རེད།
ཁོང་གིས་མུ་མཐུད་དེ། ད་ལོ་དམིགས་བསལ་ཞུ་རྒྱུ་ཞིག་ལ། ད་ལོ་བོད་ཀྱི་མཛངས་མ་འགྲན་བསྡུར་འདི་ནི། གཅིག་ནས་ང་ཚོ་རྒྱ་གར་ནང་བཙན་བྱོལ་བ་ཆགས་ཏེ་མི་ལོ་ ༥༠ འཁོར་གྱིན་ཡོད། ལོ་ངོ་ལྔ་བཅུའི་རིང་བོད་པ་ཚོ་རྒྱལ་སྤྱིའི་སྡིངས་ཆར་གཟི་བརྗིད་དང་བཅས་འཚོ་གནས་བྱས་ཡོད་པ་སྟོན་ཆེད་ཡིན་ལ། གཉིས་ནས་རྒྱ་གར་གཞུང་དམངས་གཉིས་ཀྱིས་ལོ་ ༥༠ རིང་བོད་པ་སྐྱབས་བཅོལ་བར་རོགས་རམ་གནང་ཡོད་སྟབས། དེ་རིང་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་གོ་སྐབས་འདི་བརྒྱུད་དེ་རྒྱ་གར་གཞུང་དམངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཅེས་ཀྱང་ཟེར།
Subscribe to:
Post Comments (Atom)

No comments:
Post a Comment